བལ་ཡུལ་ནང་སྡོད་བོད་མིའི་གཞིས་ཆགས།
བོད་མི་སྤྱིའི་གནས་སྟངས།
ཕྱི་ལོ་ ༡༩༥༩ ལོར་བོད་ནང་བརྗོད་དུ་མེད་པའི་རྐྱེན་ངན་གྱི་གནས་བབས་ཐབས་སྡུག་དེ་བྱུང་རྗེས་བོད་མི་ཁྱོན་ཆེ་ཁྱིམ་མཚེས་བལ་ཡུལ་ནང་བྲོས་བྱོལ་བྱུང་ཡོད་ལུགས་གསན་ཐོས་བྱུང་བར་བརྟེན། ཁོང་ཚོར་བལྟ་རྟོག་འགོ་འདོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་བཞིན་རང་གཞུང་ནས་ཕྱི་ལོ་ ༡༩༦༠ ཟླ་ ༡ ནང་རྩེ་དྲུང་ལས་ཚན་བློ་བཟང་དགེ་ལེགས་ལ་བཀའ་མངགས་དང་འབྲེལ་ཆེད་རྫོང་བྱས་ཤིང། ཁོང་གིས་བལ་གཞུང་གི་དཔོན་རིགས་ཁག་ལ་མཇལ་འཕྲད་ཐབས་ཤེས་གང་ཡོང་བྱས་འདུག་མོད། སུས་ཀྱང་ཐུགས་སྣང་མཛད་མཁན་བྱུང་མེད་ཁར། བཙན་བྱོལ་བ་རྣམས་ཀྱང་ས་མཚམས་གང་བདེ་ནས་ཡོང་སྟེ་གང་སར་ཁ་འཐོར་གྱིས་གནས་ལུགས་འདི་གར་སྙན་སེང་ཞུས། དེར་བརྟེན་འདི་ནས་རྒྱལ་སྤྱི་དང་སུད་སིའི་རྒྱ་གྲམ་དམར་པོ་སོགས་གང་སར་ཐབས་ཤེས་འབོད་སྐུལ་ཞུས་ཏེ། ཕྱི་ལོ་ ༡༩༦༠ ཟླ་ ༡༡ ནང་ཇི་ནི་ཝ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་ནས་བོད་མིར་བལྟ་རྟོག་རོགས་རམ་གནང་མི་ཆེད་གཏོང་བྱུང་ཞིང། ཁོང་གིས་རོགས་རམ་སྤྲོད་ཕྱོགས་འཆར་ གཞི་འགོད་འབུལ་བྱས་ཏེ་དགོས་ངེས་ཁང་པ་ཟུར་གླས་ཀྱིས་བལ་ལས་དང་བྱང་པའི་སླེའུ། ལྷམ་སྒྲོག་སོགས་འཐག་ལས་ཀྱི་ལས་གྲྭ་དང་། ཉེ་འགྲམ་དུ་སྨན་ཁང་ཞིག་ཀྱང་གསར་དུ་བཙུགས། དེ་བཞིན་ཁུམ་བུ་དང། གློ་བོ་རྫོང་གསར་ཁུལ་དུའང་སྨན་ཁང་རེ་བཙུགས། རྒྱ་གྲམ་དམར་པོས་གནམ་གྲུ་ཆུང་ཆུང་ཞིག་གནང་འབྱོར་བྱུང་བ་དེས་ཤར་ཁུམ་དང་སྤོག་ར་བཅས་ལ་ཟ་ཆས་འོར་འདྲེན་སོགས་བྱས། ཤར་ཁུམ་ཁོངས་ནས་ཉམ་ཐག་གྲངས་ ༦༠༠ ཡས་མས་ལ་འཕྲལ་སེལ་སྐྱོབ་གསོ་འབྲས་དོ་ ༧ དང་བལ་སྒོར་ ༦༠༠༠་༠༠ བཅས་གནང་སོན་བྱུང་སྟེ་རིམ་གྱིས་མི་མང་གི་ངལ་བ་སེལ་ཐབས་སལ་འགོ་ཚུགས་ཐུབ་པ་བྱུང། ཝ་ལུང་སོགས་གང་སར་བཙན་བྱོལ་བ་མི་གྲངས་ ༢༠༠༠༠ ཡས་མས་ཡོད་འདུག འདིའི་ཁོངས་སྟོད་ཁུལ་གྱི་འབྲོག་རིགས་ཀྱང་ཕོན་ཆེ་ཡོད་པ་དང་བཅས་དམའ་སར་ཡོང་རྒྱུར་ཚ་བའི་འཇིགས་སྣང་དང། གཞན་ཡང་ཡུལ་དུས་དང་འཚམས་པའི་གཙང་སྦྲ་འཕྲོད་བསྟེན་བྱེད་སྒོའི་སྤྱོད་ལམ་དམན་པར་བརྟེན། ཕྱི་ལོ་ ༡༩༦༡ ལོར་རྒྱ་གྲམ་དམར་པོའི་འགན་འཛིན་ཌོག་ཊར་ཀྲུ་ནི་གྷན་༸གོང་ས་མཆོག་དང་མཇལ་བཅར་བྱེད་སྐབས་བོད་མི་ཚོར་བླང་དོར་བྱེད་སྒོའི་བཀའ་སློབ་གསུང་དཔར་གསོལ་རས་ཡོང་བའི་སྙན་སེང་ཞུས་དོན་ལྟར་བཀའ་སློབ་བསྩལ་ཅིང་། ཁོང་ལ་ཡང་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་གནང་དགོས་པའི་བཀའ་མངགས་ཞིབ་ནན་བསྩལ་བ་རེད། འོན་ཀྱང་སྐབས་དེར་སྐྱོབ་གསོ་གསོག་འཇོག་སོགས་གྲ་སྒྲིག་ལེགས་པོ་མེད་པ་དང། བོད་མི་གནས་ཡུལ་ཚང་བ་ལུང་ཁུག་ཁད་ཆུད་ཁ་འཐོར་འགྲིམ་འགྲུལ་སོགས་ཀྱི་ས་མཚམས་ཁག་ཏུ་གནས་སྡོད་རྣམས་ལ་ཕྱི་ལོ་ ༡༩༦༠ དང་ ༡༩༦༡ གཉིས་ཀར་སྐྱོབ་གསོ་གཏན་ནས་མ་ཐོབ་ཁར། ཕྱི་ལོ་ ༡༩༦༡ ཟླ་ ༡༡ ཚེས་ ༨ ཉིན་ཊའིམ་སི་ཨོཕ་ཨིན་ཌི་ཡ་གསར་ཤོག་ནང་བལ་ཡུལ་སྟག་ཀོ་ལཱ་ནས་རྒྱ་མིས་བཟའ་བཅའི་འབྲུ་རིགས་ལ་རིན་འབབ་ལྡབ་འཕར་སྤྲད་དེ་ཉོ་མུས་སྐབས་དགུན་དུས་བོད་མི་ གྲངས་ ༩༣༠༠ ཡོད་པར་མུ་གེའི་ཉེན་ཁ་ཡོད་ལུགས་ཐོན་པ་རེད། དེའི་རྗེས་གློ་ཁུལ་ནས་མི་གྲངས་ ༤༢ ལྟོགས་ཤི་དང། འགལ་ཤས་འཚོ་གོས་ཀྱི་དཀའ་ངལ་ལ་མ་བཟོད་པར་འུ་ཐུག་གིས་ཕྱིེར་ལོག་བྱས་པ་བཅས་བློ་ཕམ་པའི་གནས་ཚུལ་ཐབས་སྡུག་གང་མང་བྱུང་ཡང། དཔལ་འབྱོར་གྱི་ཆ་ནས་ལམ་སེང་ངལ་བ་སེལ་ཐུབ་པའི་ནུས་པ་མེད་སྟབས་རག་ར་རིན་པོ་ཆེ་བརྒྱུད་འཇི་ནི་ཝ་དང། སུད་སི་སོགས་རོགས་ཚོགས་ཁག་ལ་སླར་ཡང་ཛ་དྲག་གི་ཞུ་མོལ་ཤུགས་ཆེ་བྱས་ཡོད་འདུག
ཆབ་སྲིད་ལས་འགུལ།
བལ་ཡུལ་དབུས་གཞུང་གི་དགོངས་པ་འགལ་མིན་ལ་མ་ལྟོས་པར་ལོ་ལྟར་གསུམ་བཅུའི་སྒེར་ལངས་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་དང། ལྷག་པར་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་བོད་ཀྱི་མདོ་དབུས་ཁམས་གསུམ་ས་ཕྱོགས་གང་སར་གཞིས་ལུས་བོད་མིས་རྒྱ་དམར་གྱི་དབང་བསྒྱུར་ལ་མི་འདོད་པའི་ཞི་བའི་སྒེར་ལངས་བྱེད་སྐབས་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་ཚབས་ཆེན་བྱས་པར་བལ་ཡུལ་གནས་སྡོད་བོདམི་སེར་སྐྱ་ཕོ་མོ་རྒན་གཞོན་བར་གསུམ་ཚང་མར་བལ་གཞུང་སྐོར་སྲུང་བདེ་འཇགས་དམག་མིས་ཉེས་རྡུང་རྒྱུན་མ་ཆད་པར་བཏང་མིན་ལ་མ་ལྟོས་པར་ཉིན་ནས་ཉིན་མཐུད་དེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་སྐད་འབོད་ཞུམ་པ་མེད་པར་འཛམ་གླིང་མི་མང་ཀུན་གྱི་མཐོང་ཐོས་སུ་གྱུར་བ་ཞིག་བྱས་ཡོད་འདུག
དོན་གཅོད་ཁང་ཚུགས་ལོ་དང་དམིགས་ཡུལ།
བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་འདི་ཉིད་ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་ཆེད་འཛུགས་གནང་བ་ཞིག་ཡིན་ལ། རྩ་བའི་ས་ཁང་གི་རྒྱ་ཁྱོན་ལ་རུ་པ་ནི་དྲུག་ཡོད་ཅིང། ཁང་ས་ཐོག་རྩེ་གཉིས་ལ་ཁང་མིག་ ༡༧ ཡོད། དེར་ད་དུང་རླངས་འཁོར་འཇོག་ཁང་དང་གསང་སྤྱོད་སོགས་ཀྱང་ཡོད། དེའི་རྒྱབ་ཏུ་ལྡུམ་རྭ་ཆུང་ཆུང་ཞིག་དང་། ཤིང་ཏོག་སྡོང་པོ་གཅིག མདུན་དུ་སོ་ཕག་བཏིང་བའི་སྒོ་ར་གྲུ་བཞིའི་ནང་དུ་ཤུག་སྡོང་བཞི་ཡོད་པ་ཞིག་ཏུ་བཅའ་སྡོད་བྱས་ཤིང། དོན་གཅོད་ཁང་གི་མཚན་བྱང་ལ་དགའ་ལྡན་ཁང་གསར་ཞེས་ཟེར་གྱི་ཡོད།
དེ་ཡང་བོད་ས་དགྲ་ལག་ཏུ་ཤོར་རྗེས་བོད་མི་སྐྱབས་བཅོལ་བ་མང་དག་ཅིག་བལ་ཡུལ་དུ་འབྱོར་བར་བརྟེན་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་བཀོད་ཇུས་ལམ་སྟོན་འོག་ "Tibetan Refugee Welfare Office" ཞེས་འཕྲལ་སེལ་སུད་སི་རྒྱ་གྲམ་དམར་པོ་གཙོ་བྱས་པའི་རྒྱལ་སྤྱིའི་རོགས་ཚོགས་ཁག་གིས་སྐྱོབ་གསོའི་རོགས་རམ་གནང་ཐོག་འཚོ་བའི་བདེ་སྡུག་ལ་གཟིགས་རྟོག་གནང་རྒྱུ་དང། ལར་ནས་བལ་ཡུལ་དབུས་གཞུང་དང་འབྲེལ་བ་ཞུས་ཏེ་བོད་མིའི་འཚོ་བའི་དཀའ་ངལ་སེལ་སླད་གཞིས་ཆགས་བྱ་རྒྱུ་ནི་ལས་འགན་གཙོ་བོར་བྱས། འོན་ཀྱང་ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་བཙན་བྱོལ་བོད་གཞུང་གི་མཛད་ཇུས་ལྟར་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་སྤྱི་མཚུངས་སུ་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་འདི་ཡང་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁུངས་སུ་བསྒྱུར་ཡོད་པ་རེད་འདུག
དེང་གི་ཆར་བལ་ཡུལ་ཁུལ་དུ་ཁྱོན་བོད་མི་སྐྱབས་བཅོལ་བ་གྲངས་འབོར་ཆིག་ཁྲི་ལྔ་སྟོང་ནས་ཉིས་ཁྲི་བར་ཡོད་པ་མང་ཆེ་བའི་འཚོ་བ་ནི་རུམ་གདན་དང་སྐེ་རགས་འཐག་ལས། ལག་ཁུག་སོགས་བཟོ་ལས་ཆུང་ཙག་རིགས་ལ་རྟེན་གྱིན་ཡོད། འགའ་ཤས་ཤིག་གདན་ཚོང་ལས་རིགས་ཀྱི་ནང་ཞུགས་ཡོད་འདུག བོད་མི་གདན་ཚོང་གི་ལས་རིགས་ནང་དུ་ཞུགས་མཁན་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་ཉམ་ཐག་མི་མང་ཁྱོན་ཆེར་ལས་ཀ་སྤྲོད་ཐུབ་པ་དང། དེ་བཞིན་འཇར་མན་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རུམ་གདན་ཚོང་བསྒྱུར་བྱས་ཏེ་རྒྱལ་ཁབ་ལ་ཚོང་འབྲེལ་དང་ཕྱི་ཚོང་ཁེ་འབབ་སོགས་གང་ཅིའི་ཐོག་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་ཞབས་འདེགས་རྒྱ་ཆེན་ཞུས་ཡོད་འདུག
སྐུ་ཚབ་དོན་གཅོད་རིམ་བྱོན་གྱི་མཚན་དང་ལོ་དུས།
| ཨང། | མཚན། | ལས་ཡུན། |
| ༡༽ | བློ་བཟང་དགེ་ལེགས། | ༡༩༦༠ ནས་ ༡༩༦༢ བར། |
| ༢༽ | བློ་བཟང་རྒྱལ་མཚན། | ༡༩༦༢ ནས་ ༡༩༦༤ བར། |
| ༣༽ | ཡེ་ཤེས་ལྷུན་གྲུབ། | ༡༩༦༤ ནས་ ༡༩༦༥ བར། |
| ༤༽ | དགེ་འདུན་དགེ་ལེགས། | ༡༩༦༥ ཟླ་བ་ ༥ ནས་ཟླ་ཤས་རིང། |
| ༥༽ | སེར་ག་བསོད་དབང། | ༡༩༦༦ ནས་ ༡༩༦༨ བར། |
| ༦༽ | སྐལ་བཟང་དགྲ་འདུལ། | ༡༩༦༨ ནས་ ༡༩༧༢ བར། |
| ༧༽ | དོན་གྲུབ་རྣམ་རྒྱལ། | ༡༩༧༢ ནས་ ༡༩༧༥ བར། |
| ༨༽ | སྐལ་བཟང་འཇམ་དཔལ། | ༡༩༧༦ ནས་ ༡༩༧༨ བར། |
| ༩༽ | རིན་ཆེན་དར་ལོ། | ༡༩༧༨ ནས་ ༡༩༨༦ བར། |
| ༡༠༽ | དཔལ་འབྱོར་ཚེ་རིང། | ༡༩༨༦ ནས་ ༡༩༩༡ བར། |
| ༡༡༽ | བློ་བཟང་སྦྱིན་པ། | ༡༩༩༡ ནས་ ༡༩༩༣ བར། |
| ༡༢༽ | བཀྲིས་རྣམ་རྒྱལ། | ༡༩༩༣ ནས་ ༡༩༩༨ བར། |
| ༡༣༽ | བསམ་གྲུབ་ལྷ་རྩེ། | ༡༩༩༨ ནས་ ༢༠༠༡ བར། |
| ༡༤༽ | དབང་ཕྱུག་ཚེ་རིང། | ༢༠༠༡ ནས་ ༢༠༠༥ བར། |
བདེ་སྡུག་གཟིགས་སྐྱོང།
- ཁྱབ་ཁོངས་བཟོ་གཞིས་ཁག་ནང་བོད་མི་ཉམ་ཐག་རྒས་གཅོང་དང་བལྟ་སྐྱོང་བྱེད་མཁན་མེད་པའི་རྒས་ཧྲེང་ཁག་ལ་འབྲེལ་ཡོད་ས་གནས་རང་བདེན་ཚོགས་ཆུང་དང་འགན་འཛིན་བཅས་ནས་ངོས་སྦྱོར་ཡོད་རིགས་ལ་འཚོ་སྣོན་དང། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་རོགས་རམ་སྤྲོད་མུས་ཡིན་འདུག
- བལ་ཡུལ་ནང་ད་དུང་སྐྱབས་བཅོལ་ལག་འཁྱེར་མ་ཐོབ་པའི་བོད་མི་མི་ཉུང་བ་ཞིག་ཡོད་པར་སོང་བལ་ཡུལ་དུ་རྟེན་གཞི་བྱས་པའི་ཨ་རི་དང་ཕ་རན་སེ་གཙོས་ཕྱི་རྒྱལ་གཞུང་ཚབ་ཁག་དང། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བལྟ་སྐོར་ཚོགས་པ་སོགས་ནས་སྤྱིར་བལ་ཡུལ་དུ་གནས་འཁོད་བོད་མིའི་གནས་སྟངས་དང། ལྷག་པར་བོད་དུ་རང་སྲོག་འབེན་ལ་བཙུགས་ནས་རེ་ལུང་བསྐོར་ཏེ་བྲོས་བྱོལ་དུ་ཡོང་མཁན་ཚོའི་གནས་སྟངས་རྟོགས་ཞིབ་གནང་བར་ཕེབས་མཁན་སྐབས་སོ་སོར་དངོས་ཡོད་གནས་སྟངས་ལ་གཞིགས་པའི་འགྲེལ་བརྗོད་མཐིལ་ཕྱིན་ཞུ་རྒྱུའི་གོ་སྐབས་སོགས་ཡོད་པ་འདིས་སྐབས་རེར་བལ་ཡུལ་གཞུང་ནས་བོད་མིར་འཛིན་པའི་གནང་ཕྱོགས་ལ་ལེགས་བཅོས་གཏོང་རྒྱུས་མཚོན་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་བཞིན་ཡོད་འདུག
- བཙན་བྱོལ་བོད་གཞུང་དང་སྐུ་ཚབ་དོན་གཅོད་ཁང་གི་ལམ་སྟོན་འོག་སྣེ་ལེན་འབྲེལ་མཐུད་ཁང་གིས་བོད་ནས་སྐྱབས་བཅོལ་དང་གནས་སྐོར་ལ་ཕེབས་མཁན་གྱི་བོད་རིགས་སྤུན་ཟླ་རྣམས་ལ་སྣེ་ལེན་བྱེད་སྒོ་དང། རྒྱ་གར་དུ་ཕེབས་ཆོག་པའི་བལ་ཡུལ་རྒྱ་གར་གཞུང་ཚབ་ཁང་ནས་ལག་འཁྱེར་ཞུ་དགོས་སོགས་བྱེད་སྒོ་ཅི་མཆིས་འཐུས་ཚང་ཞུ་ཡི་ཡོད་འདུག་པ་བཅས།། །།

