ཁ་པར་ཨང། ༩༡(༡༨༩༢)༢༢༤༡༢/༢༢༢༡༤ མྱུར་འཕྲིན་ཨང། ༩༡(༡༨༩༢)༢༢༥༠༦༥ 

འབྲུག་སྡོད་བོད་མིའི་གཞིས་ཆགས་ཀྱི་ལོ་རྒྱུས་སྙིང་བསྡུས།

 


ཕྱི་ནང་གི་གནད་ཡོད་མི་སྣས་ས་གནས་སུ་ཕེབས་ལོ་ཁག

  1. ༡༩༩༩།༩།༢༥ ནས་ཚེས་ ༢༩ བར་སྃ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་སྐོུ་ངོ་ཀརྨ་ཆུང་བདག་ལགས་འབྲུག་ནང་ཉིན་སློབ་ཁག་བཞིའི་གནས་སྟངས་རྟོག་ཞིབ་དང་། གཟིགས་སྐོར་དུ་ཕེབས་ཡོད་པས་ཕན་ཐོགས་བྱུང་ཡོད་འདུག
  2. ཕྱི་ལོ་ ༢༠༠༠།༤།༦ ནས་ཚེས་ ༡༦ བར་རང་གཞུང་སྐུ་ཚབ་ནང་སྲིད་བཀའ་བློན་སྐུ་ངོ་བསྟན་པ་ཚེ་རིང་མཆོག་དང་། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་རྗེ་བཙུན་པདྨ་ལགས་རྣམ་གཉིས་བོད་མིའི་གཞིས་སྒར་བདུན་སོ་སོར་འཚམས་གཟིགས་སུ་ཕེབས་ཡོད། ༢༠༠༠།༤།༡༤ ཉིན་འབྲུག་རྒྱལ་མཆོག་མཇལ་འཕྲད་གནང་བ་དང་བོད་འབྲུག་འབྲེ་ལམ་སླར་གསོའི་ཐོག་བཀའ་མོལ་ལྷུག་པོ་གནང་བའི་ཕན་ཐོགས་བྱུང་ཡོད། དེ་བཞིན་འབྲུག་སྡོད་བོད་མིའི་སློབ་ཁང་དང་། སྤྱི་ཁང་། གཞིས་དགོན་ཁག་གི་ཐོག་ཤིང་བརྗེ་སྤོར་བྱེད་རྒྱུའི་ལྕགས་ཤོག་འཆར་འབུལ་ཞུས་ཡོད་པར་ཞིབ་འཇུག་དང་བཅས་དགེ་མཚན་ཆེ་བའི་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག
  3. ཕྱི་ལོ་ ༢༠༠༣།༤།༢༥ ནས་ ༢༠༠༣།༥།༡༠ བར་འབྲུག་ནང་རང་གཞུང་ནང་སྲིད་སྐུ་ཚབ་འཆར་འགོད་ཚན་འགན་ཟུར་དྲུང་དངོས་གྲུབ་རྡོ་རྗེ་ལགས་དང་། འཛིན་སྐྱོང་ཁོངས་ནས་ཕྱག་རོགས་དྲུང་གཞོན་ཚེ་རིང་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས་བོད་མིའི་སྡོད་ཁང་ཉམས་གསོ་ལོ་མང་ལས་འགོར་དབང་གིས་ཉམ་ཆགས་གོག་རྙིང་སོང་ཡོད་པར་ཉམས་གསོའི་འཆར་འབུལ་ཞུས་དོན་བཞིན་གཞིས་སྒར་སོ་སོའི་སྡོད་ཁང་ལ་ཞིབ་འཇུག་དང་གཟིགས་ཞིབ་ཏུ་ཕེབས་ཡོད།
  4. ༢༠༠༤།༢།༢༠ ནས་ ༢༢ བར་རང་གཞུང་དབུས་སྤྱི་ཁྱབ་འཆར་འགོད་འགན་འཛིན་ཟུར་དྲུང་དཀོན་མཆོག་བརྩོན་འགྲུས་ལགས་འབྲུག་གཞུང་ཚོགས་འདུ་ཞིག་ལ་ངོ་ཕེབས་སྐབས་ཞོར་དུ་གཞིས་སྒར་རེ་གཉིས་ནང་གཟིགས་ཞིན་གནས་ཡོད་འདུག
  5. ༢༠༠༤།༡༠།༢༠ ནས་ཚེས་ ༢༥ བར་རང་གཞུང་ནང་སྲིད་བཀའ་བློན་སྐུ་ངོ་བློ་བཟང་ཉི་མ་མཆོག་དང་། ཟུང་དྲུང་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་འབྲུག་རྒྱལ་སྲས་ཆོས་རྩེ་དཔོན་སློབ་ཀྱི་གོ་གནས་བཞེས་སྐབས་ཀྱི་རྟེན་འབྲེལ་ལ་བོད་གཞུང་སྐུ་ཚབ་ངོ་བོའི་ཐོག་ཁྲི་དར་འབུལ་བར་ཕེབས་པ་དང་། ཟུང་དྲུང་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ ༢༠༠༤།༡༠།༤ ནས་ ༢༠༠༤།༡༡།༤ བར་གཞིས་སྒར་བདུན་ནང་འཚམས་གཟིགས་དང་ལམ་སྟོན་སློབ་གསོ་སོགས་གནང་ཐུབ་པ་བྱུང་ཡོད་འདུག
  6. ༢༠༠༤།༡༡།༢༣ ཉིན་བོད་གཞུང་ཟློས་གར་འགན་འཛིན་སྐལ་བཟང་གཡུ་སྒྲོན་ལགས་དང་ཕྱག་རོགས་ཟློས་གར་དགེ་རྒན་གཅིག་བཅས་ཀྱིས་འབྲུག་ནང་རྔ་རབས་ཀྱི་གཞས་རྙིང་དང་བོད་ཀྱི་རིག་གཞུང་གཞས་སྣ་ཁག་ཉམས་ཞིབ་མཁོ་བསྡུའི་ཆེད་ཕེབས་ཐུབ་ཡོད་འདུག
  7. ༢༠༠༥།༥།༥ ཉིན་ལྡིལླི་བོད་ཁང་འགན་འཛིན་རྡོ་འབུམ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། དབུས་གཙང་སྤྱི་འཐུས་བློ་བཟང་ཤཱསྟྲི་རི་རྣམ་གཉིས་འབྲུག་གི་དཔེ་མཛོད་ཚོགས་འདུ་ཞིག་ཏུ་མགྲོན་འབོད་གནང་བ་བཞིན་ཕེབས་ཡོད་འདུག
  8. ༢༠༠༥།༧།༢༥ ནང་དཔལ་ལྡན་སྐུ་སྒེར་དྲུང་ཆེ་སྐོུ་བློ་བཟང་སྦྱིན་པ་ལགས་སྐུ་སྒེར་ཐོག་ནས་གནས་མཇལ་ཕེབས་སྐབས་ཞོར་དུ་བོད་སྒར་ནང་གུ་རུ་ལྷ་ཁང་གཟིགས་རྟོགས་དང་མཆོད་འབུལ་ཆེད་ཕེབས་གནང་འདུག
  9. ༢༠༠༦།༥།༥ ནང་ཉིན་གྲངས་ ༡༠ ཙམ་བར་རྡ་ས་དཔེ་མཛོད་ཁང་གི་འཛིན་སྐྱོང་སྡེ་ཚན་ནས་བོད་ནང་དེ་སྔའི་ལོ་རྒྱུས་སྤྱི་ཚོགས་རྙིང་པའི་གནས་འབབ་སོགས་ཀྱི་ཚིག་ཐོ་མཁོ་སྒྲུབ་ཆེད་དགེ་བཤེས་དམ་ཆོས་དཔལ་བཟང་མཆོག་དང་ཕྱག་འབྲེལ་དགེ་བཤེས་གཅིག་བཅས་ཕེབས་ཡོད་འདུག

མུ་འཐུད་ཕེབས་ »

  1. ༢༠༠༦།༥།༢༧ ནས་ ༢༠༠༦།༦།༨ བར་རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་མི་འབུམ་བཅུ་གཉིས་རྐྱེན་འདས་སོང་བའི་མིང་ཐོ་བསྡུ་ལེན་གྱི་ཆེད་ཕྱི་དྲིལ་ཟུང་དྲུང་བཀྲིས་རྒྱ་མཚོ་ལགས་དང་ཟུང་དྲུང་བུ་ཆུང་ཚེ་རིང་ལགས་རྣམ་གཉིས་འབྲུག་གཞིས་སྒར་བདུན་དང་ཐིམ་ཕུ་ཁུལ་བཅས་ཀྱི་ནང་དུ་ཕེབས་ཡོད་འདུག

གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག

འབྲུག་སྡོད་བོད་མིའི་གཞིས་ཆགས་འདིར་རང་བདེན་ཚོགས་ཆུང་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག དབུས་གཙང་ཆོལ་ཁའི་ས་གནས་རྒྱུན་ལས་བཅས་ཡོད་འདུག རང་བདེན་ཚོགས་ཆུང་ནི་གཞིས་ཆགས་རེ་རེའི་ནང་དུ་ཡོད་འདུག གོང་གསལ་ཚོགས་པ་ཁག་གི་འབྲེལ་ཡོད་དབུས་ལས་ཁུངས་ཀྱི་བཀའ་དགོངས་ཇི་ཕེབས་ལྟར་འགན་འཁུར་ཞུ་བཞིན་ཡོད་འདུག ས་རྒྱུན་སོ་སོས་ལོ་ལྟར་དབུས་སུ་དཔལ་འབྱོར་འདུ་འགོད་ཆེད་ཚོགས་མིའི་དོད་དངུལ་བསྡུ་འབུལ་ཞུ་མུས་ཡིན་འདུག དེ་བཞིན་ས་གཞོན་ཁག་བཞི་ཡོད་པ་རྣམས་ལོ་རེར་ས་གནས་གཅིག་ཏུ་རེས་མོས་འདུ་འཛོམས་ཀྱིས་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སོགས་སུ་ཞིབ་འཇུག་བྱེད་བཞིན་ཡོད་འདུག ས་གཞོན་རྒྱུན་ལས་རྣམས་ཀྱིས་ས་གནས་ཁྱབ་ཁོངས་སུ་དབུལ་ཕོངས་ཉམ་ཐག་འདན་གྲོངས་ཁག་ལ་མེ་ཤིང་དང་དངུལ་གྱི་རོགས་ཕན་གནང་བཞིན་པ་སོགས་གཞུང་འབྲེལ་ཡིན་མིན་ལ་མ་ལྟོས་པར་ཚོགས་པ་གང་ཡིན་ཡང་ས་གནས་མི་མང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་བཞིན་ཡོད་འདུག

སྲོལ་རྒྱུན་སོ་ནམ་འདེབས་ལས་སྐོར།

འབྲུག་ནང་གི་གཞིས་ཆགས་ཁག་བདུན་ནང་ཡོད་པའི་མི་མང་གི་འཚོ་རྟེན་གཙོ་བོ་ནི་སོ་ནམ་འདེབས་ལས་དང། སྒོ་ཕྱུགས་གསོ་སྐྱོང་བྱ་རྒྱུ་དེ་ཡིན། ཞིང་སར་མང་ཆེ་བས་ཕྱུགས་ལུད་བེད་སྤྱོད་དང་། ཉུས་ཤས་ཀྱིས་དེ་སྔོན་རྫས་ལུད་བེད་སྤྱོད་བྱེད་ཀྱི་ཡོད་མོད། ད་ལྟའི་ཆར་མང་ཆེ་བས་ཕྱུགས་ལུད་བེད་སྤྱོད་བྱ་བཞིན་ཡོད་འདུག དེ་གའི་ས་གནས་ལས་ཁུངས་ནས་མང་ཚོགས་ལ་ལམ་སྟོན་ཞུ་བཞིན་པ་མ་ཟད་ས་གཞུང་སོ་ནམ་ཡིག་ཚང་གིས་ཀྱང་མང་ཚོགས་ཡུལ་མི་དང་བོད་མི་ཚང་མར་སྲོལ་རྒྱུན་སོ་ནམ་འདེབས་ལས་ཐོག་སྐྱོད་དགོས་པའི་སྐོར་དྲིལ་བསྒྲགས་དང་། སློབ་སྟོན་སོགས་གནང་བཞིན་ཡོད་འདུག

སློབ་གྲྭ་ཁག་བཙུགས་ནས་ད་བར་སློབ་ཁུང་འཁྱོལ་བའི་སློབ་མ་ཇི་ཡོད་སྐོར།

འཇིགས་མེད་ནང་ཉི་ལྡེ་རབ་བརྟན་གླིང་ཉིན་སློབ་ ༡༩༧༠ འགོ་ཚུགས་ནས་ད་བར་དམའ་རིམ་འཛིན་གྲྭ་གསུམ་པ་་དང་ལྔ་པ་ཐོན་པ་བོད་ཕྲུག་དང་ཡུལ་མིའི་ཕྲུ་གུ་གྲངས་ ༡༤༩ བྱེད་འདུག གཞན་ཡང་ཁ་ས་ཁ་ཉིན་སློབ་དང། ལྷོང་མཚོ་གཞིས་ཆགས་ཉིན་སློབ། དཀར་ཕྱེ་ས་ཉིན་སློབ་བཅས་ནས་མཐའ་མའི་དམའ་རིམ་འཛིན་གྲྭ་གསུམ་པ་ཐོན་པ་གྲངས་ ༢༠༠ ཙམ་ཡོད་པ་རྣམས་བོད་གཞུང་གཏན་སློབ་ཁག་ནང་ཟླ་བསྒྲིལ་བྱུང་ཡོད་འདུག སྤྱིར་མཐོ་སློབ་ཐོན་པའི་སློབ་མ་གྲངས་ ༦༡ ཙམ་བྱུང་ཡོད་འདུག

ཤེས་ཡོན་སྦྱོང་བརྡར་དང་གྲུབ་འབྲས་སྐོར།

ཤེས་ཡོན་སྦྱོང་བརྡར་ཐོག་བོད་ཡིག་སློབ་ཚན་གཙོ་བོར་འཛིན་པའི་ཐོག་སློབ་ཚན་ཁག་བདུན་དང། སྔ་དགོང་ཞལ་འདོན་དང་གླུ་གཞས་འཁྲབ་སྟོན་བཅས་སྦྱོང་བརྡར་སྤྲོད་བཞིན་ཡོད་འདུག འཇིགས་མེད་ནང་ཉིན་སློབ་ཏུ་ད་ཡོད་སློབ་ཕྲུག་གྲངས་ ༡༦ ལ་གྲུབ་འབྲས་ལེགས་ཐོན་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་རང་གཞུང་ཤེས་རིག་ལས་ཁུངས་ནས་དམའ་རིམ་སློབ་དགེ་ཚོར་ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྟོན་གཟབ་སྦྱོང་ཞིག་རྡ་སར་སྒོ་སྒྲིགས་གནང་བ་བཞིན་དེ་ནས་སློབ་དགེ་རྣམས་ཆེད་བཅར་གྱིས་གཟབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་བཞིན་སློབ་གྲྭའི་གནས་སྟངས་སྔར་དང་མི་འདྲ་བའི་ཁྱད་པར་ཆེན་པོ་བྱུང་ཡོད་འདུག་བཅས་ས་གནས་གཞིས་ཆགས་ཀྱི་སྔ་རབ་དང་ཕྱི་རབས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །།