ནང་སྲིད་ལས་ཁུངས་ཀྱི་སྡེ་ཚན་སོ་སོའི་ངོ་བོ་དང་ལས་དོན།
༡༽ སོ་ནམ་དང་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན།
སོ་ནམ་ལམ་སྟོན་ཚན་པ།
སོ་ནམ་ལམ་སྟོན་ཚན་པས་ཞིང་པ་རྣམས་ལ་སོ་ནམ་འདེབས་ལས་ཀྱི་སྒོ་ནས་ཟ་འབྲུ་རང་ཁ་རང་གསོ་ཚད་ལྡན་ཐུབ་པའི་ཁར། ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཞབས་འདེགས་བཟང་པོ་སྒྲུབ་པ་དང། རང་རང་གི་ས་ཞིང་ཐོག་ནས་རང་འཚོ་ཐུབ་པ་ཞིག་ཡོང་བའི་འབད་བརྩོན་ཐབས་ཤེས་ཡོད་རྒུ་ཞུ་རྒྱུ་དང། ཕྱི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རོགས་རམ་ཐབས་འཚོལ་ཞུས་ཏེ་སོ་ནམ་གཞིས་ཆགས་ཆེ་ཁག་ ༡༢ དང་བཟོ་གཞིས་ཆུང་ཁག་བཅས་ཀྱི་ནང་རང་བཞིན་དང་སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་ལས་འཆར་སྤེལ་རྒྱུའི་ལས་དོན་གཙོར་བཟུང་ཐོག སྒོ་ཕྱུགས་གསོ་སྐྱོང་། ས་ཆུ་བདག་གཅེས། ཞིང་ཆུ་འདྲེན་གཏོང། ཆར་ཆུ་གསོག་འཇོག རྩི་ཤིང་འདེབས་འཛུགས། སྔོ་ཁང་གསར་རྒྱགས། ལྕི་བའི་རླངས་ཐབ། ཟ་འབྲུ་བཟོ་བསྐྲུན། ཐོན་འབབ་ཚོང་འབྲེལ། འཛུགས་བསྐྲུན་ཡར་རྒྱས། ཟབ་སྦྱོང་དང་སྦྱོང་བརྡར། འགྲེམས་སྟོན་དང་གོ་རྟོགས། སྟོན་ཉེས་གུན་སྐྱོབ་སོགས་ཀྱི་མཐུན་འགྱུར་སྒྲུབ་བཞིན་པ་ཡིན།
མཉམ་འབྲེལ་རོགས་སྐྱོར་ཚན་པ།
- མཉམ་འབྲེལ་རོགས་སྐྱོར་ཚན་པས་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་གི་སྒྲིག་འཛུགས་བསྲ་བརྟན་དང་ཡར་རྒྱས་གཏང་རྒྱུ།
- ཟབ་སྦྱོང་དང་སྦྱོང་བརྡར།
- མཉམ་འབྲེལ་གྱི་འཛིན་སྐྱོང་ལེགས་བཅོས།
- མིག་དཔེ་འོས་པའི་མཉམ་འབྲེལ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་མཉམ་འབྲེལ་ཐོག་མ་གསར་འཛུགས་ཞུས་པ་ནས་བཟུང་སྡེ་ཚན་མ་ལག་དང་བཅས་ཀྱི་འཛིན་སྐྱོང་གཙོས་ཉིན་རེའི་ལས་དོན་ཞུ་ཕྱོགས་ཐད་འཛམ་གླིང་སྤྱིའི་ཁོར་ཡུག་གི་གནས་སྟངས་དང་ཁྲོམ་རའི་དགོས་མཁོ་ལྟར་དུས་ནས་དུས་སུ་དཔལ་འབྱོར་འདུ་འགོད་ཀྱི་སྡེ་ཚན་གསར་གཏོད་དང་འཛིན་སྤེལ་གསུམ་གྱི་ཐོག་ལའང་བསྒྱུར་བཅོས་སོགས་ཞུས་མ་ཐུབ་པར་དེ་མུར་གནས་ཡོད་པ་དང། དེ་བཞིན་བོད་མིའི་མཉམ་འབྲེལ་དེ་དག་ཕལ་ཆེའི་ནང་དཔལ་འབྱོར་འདུ་འགོད་སྡེ་ཚན་ཇི་ཡོད་གཅིག་མཚུངས་ཡིན་པ་མ་གཏོགས་ཕན་ཚུན་མིག་དཔེ་སྟོན་འོས་པའི་སྡེ་ཚན་ནམ་ལས་དོན་གང་ཡང་མེད་པ་སོང་རང་གཞུང་གི་མཛད་བྱུས་ལྟར་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཡོངས་ནས་ མཉམ་འབྲེལ་གཅིག་འདེམས་ཏེ་མཉམ་འབྲེལ་དེའི་འཛིན་སྐྱོང་སྟངས་འཛིན་མཚོན་པའི་འདུ་འགོད་སྡེ་ཚན་རྣམས་ཚགས་ཚུད་ཡར་རྒྱས་དང། ས་གནས་ཀྱི་གནས་བབ་དང་བསྟུན་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་གསར་སྤེལ། ཤས་བདག་མང་ཚོགས་ནས་མཉམ་འབྲེལ་གྱི་ལས་དོན་ལ་མཉམ་རུབ་དང་ཆ་ཤས་ལེན་ཐབས། མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་དང་ལས་བྱེད་ཡོངས་ནས་མཉམ་འབྲེལ་གྱི་ལྟ་གྲུབ་དང་ཁྲིམས་སྒྲིག་སྐོར་ཤེས་རྟོགས་ཡོད་པ། དེ་བཞིན་མཉམ་འབྲེལ་དེའི་ལས་དོན་མཐའ་དག་ཁྲིམས་མཐུན་ཡིན་ཁར་ཤས་བདག་མང་ཚོགས་ཀྱི་ཁེ་ཕན་བསྐྲུན་ཐབས་ཀྱི་ནུས་པ་གོང་མཐོར་གཏོང་བའི་ཐོག་ནས་དེའི་ལས་དོན་རྣམས་རིམ་བཞིན་བོད་མིའི་མཉམ་འབྲེལ་གཞན་ལ་མིག་དཔེ་སྟོན་འོས་པའི་མཉམ་འབྲེལ་ཞིག་བཟོ་རྒྱུ་བཅས།
མ་འོངས་བོད་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཞེད་དགོངས་ལྟར་འཚེ་བ་མེད་པའི་བསྟི་གནས་དང། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྐྲུན་རྒྱུ་ཡིན་སྟབས། མ་འོངས་བོད་དཔལ་འབྱོར་གྱི་ལམ་སྲོལ་ཡང་དེ་དང་མཐུན་པར་འཚེ་བ་མེད་པ་དང། ཁོར་ཡུག་ལ་མི་གནོད་པ། མ་རྩའི་རིང་ལུགས་དང་དམར་པོའི་རིང་ལུགས་གཉིས་ཀའི་མཐའ་འདས་པའི་དབུ་མའི་ལམ། བག་མེད་ལོངས་སྤྱོད་དང་གོ་ལ་གཅིག་བསྒྱུར་གྱི་སྲོལ་ངན་ལ་གདོང་ལེན་དང་ཁ་གཏད་ཐུབ་ངེས་ཀྱི་སྲོལ་རྒྱུན་དང་མཐུན་པའི་གཞན་བརྟེན་མ་དགོས་པར་རང་མཁོ་ལྡེང་ངེས་ཀྱི་ཐོན་སྐྱེད་ཡོད་པ་ ཞིག་དགོས་པ་དང། དེར་བརྟེན་ད་ལྟ་བཙན་བྱོལ་གྱི་གནས་སྐབས་སུའང་བོད་མི་གཞིས་སྒར་སོ་སོའི་ད་ཡོད་མཉམ་འབྲེལ་གྱི་ལམ་འདི་དག་ལ་ལེགས་བཅོས་དང་ཡར་རྒྱས་བཏང་སྟེ་འབྱུང་འགྱུར་བོད་གསར་པའི་འཛུགས་བསྐྲུན་ལ་ཕན་ཐོགས་ཡོད་ངེས་ཤིག་བྱ་རྒྱུ།
མཉམ་འབྲེལ་གྱི་དམིགས་ཡུལ་དང་ལྟ་གྲུབ་ཀྱི་གོ་རྟོགས་གོང་འཕེལ་གཏོང་ཆེད་ཟབ་སྦྱོང་དང་མཉམ་འབྲེལ་གྱི་ལས་དོན་མཐའ་དག་ཤས་བདག་མང་ཚོགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་ཡིན་པའི་ཡིད་ཆེས་ངེས་རྙེད་ཐུབ་པ་ཞིག་བཟོ་རྒྱུ་དང། མཉམ་འབྲེལ་གྱི་ལས་བྱེད་རྣམས་མཉམ་འབྲེལ་གྱི་ལྟ་གྲུབ་དང། ས་གནས་སོ་སོའི་མཉམ་འབྲེལ་གྱི་ཁྲིབས་ལུགས་ཀྱི་ཐོག་དམིགས་བསལ་སྦྱོང་བརྡར་དང་ཤེས་ཚད་ཡོད་པ་དགོས་ པའི་ཆ་རྐྱེན་འོག་མཉམ་དྲུང་དམིགས་སྒོའི་ཟླ་གྲངས་ ༩ རིང་མཉམ་འབྲེལ་གྱི་འཛིན་སྐྱོང་སྦྱོང་བརྡར་དང། སྦྱོང་བརྡར་སྤྲོད་མིའི་ཟབ་སྦྱོང། དེ་བཞིན་རྩིས་པ་དང་རྩིས་པའི་ལས་རོགས། སྡེ་ཚན་འགན་འཛིན་སོགས་ལ་དུས་བསྟུན་ལས་འགན་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ།
དུས་ཚོད་ངེས་ཅན་གྱི་ནང་མཉམ་འབྲེལ་སོ་སོའི་སྒྲིག་གཞི་ལ་བསྐྱར་བཅོས་དགོས་རིགས་ཁྲིམས་ལུགས་ལྟར་བསྐྱར་བཅོས་བྱས་ཏེ་འབྱུང་འགྱུར་མཉམ་འབྲེལ་ཚོགས་གཙོ་དང། མཉམ་འབྲེལ་དྲུང་ཆེས་མཚོན་མཉམ་འབྲེལ་གྱི་ལས་བྱེད་ཁག་གཞུང་ཞབས་ལ་བརྟེན་ལྟོས་མ་དགོས་པར། མཉམ་འབྲེལ་སོ་སོའི་རང་ཁུངས་ནས་འོས་འདེམས་དང་བསྐོ་གཞག་ཐུབ་ཐབས་དང། ད་ཡོད་མཉམ་འབྲེལ་ཁག་གི་རྩིས་ཆད་དང་ཡོང་བསྡད་ཇི་ཡོད་དུས་ཚོད་ངེས་ཅན་ནང་གཙང་དག་ཐུབ་པ་བཟོ་རྒྱུ་དང། འ༷བྱུང་འགྱུར་རྩིས་ལོ་རེ་རེའི་ནང་ཡོང་བསྡད་གཙང་སེལ་བཟོ་དགོས་མ་ཟད། བུན་ནག་རིགས་ཡང་ཡང་མི་ཡོང་བའི་འབད་རྩོལ་བྱ་རྒྱུ།
༢༽ འཛིན་སྐྱོང་དང་གཞིས་ཆགས་འབྲེལ་ལམ་སྡེ་ཚན།
- དབུས་སའི་ལས་ཁུངས་ཁག་གི་རྒྱུན་དུ་ཞུ་བྱའི་ལས་དོན་ཐོག་སྟངས་འཛིན་ཞུ་རྒྱུ་དང། ལས་བྱེད་ས་མིག་གཏན་འབེབས་གཞིར་བཟུང་བསྐོ་གཏོང་དང་ལས་བྱེད་དགོངས་ཞུས་ཚབ་གསར་བཀོད་སྒྲིག་ཡོང་སྙན་གྱི་རྒྱབ་གཉེར་ཞུ་རྒྱུ། ཡུལ་ཁྲིམས་དང་བླང་དོར་སྲུང་བརྩི་ཞུ་ཕྱོགས་བཅས་སྐོར་དུས་བསྟུན་ལམ་སྟོན་ཞུ་རྒྱུ། ས་གནས་ཀྱི་གནས་ཚུལ་རྣམས་དཔལ་ལྡན་བཀའ་ཤག་ཏུ་སྙན་གསན་དང་སྦྲགས་ཕྱིར་ཁུངས་ལན་གཏོང་རྒྱུ། དེ་བཞིན་ཁྱབ་ཁོངས་ས་གནས་ཁག་གི་རང་སྐྱོང་ནུས་པ་གོང་མཐོར་གཏོང་རྒྱུ་མ་ཚད། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ལན་འདེབས་གསལ་བཤད་སྙན་འབུལ་ཞུ་རྒྱུའི་འགན་འཁྲིས་ཡོད་པ་ཞིག་ཡིན། དབུས་ས་གཉིས་ཀྱི་ལི་འཁོར་ལས་བསྡོམས་ཕྱོགས་སྒྲིགས་ཀྱིས་དུས་འབུལ་ཞུ་རྒྱུ།
- བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ས་གནས་འགོ་འཛིན་ས་གནས་དེ་གའི་མང་ཁྲོད་ནས་འོས་འདེམས་ཐུབ་ཐབས་འབད་བརྩོན་དགོས་པའི་ས་གནས་འཐུས་མི་ཚོགས་འདུར་དུས་ནས་དུས་སུ་གསབ་འདེབས་ཞུ་རྒྱུ་འདི་གའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད།
- ས་གནས་འགོ་འཛིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དོན་བདུན་ (༧༧) གྱི་ནང་གསལ་ལས་ཞུ་དགོས་གཙོ་གྱུར་ཐོག་ནང་སྲིད་ཁྱབ་ཁོངས་ས་གནས་ཁག་གི་ས་གནས་འགོ་འཛིན་རྣམས་ནས་ས་གནས་ས་ཐོག་ཏུ་རང་གཞུང་གི་སྐུ་ཚབ་མཚོན་པའི་ལས་འགན་ཞུ་དགོས་ཇི་མཆིས་མཐའ་དག་ཞུ་བཞིན་ཡོད་པའི་ཐོག ས་གནས་འཐུས་མི་ཚོགས་འདུར་སྐབས་བསྟུན་ལན་འདེབས་སྙན་འབུལ་ཞུ་རྒྱུའི་འགན་འཁྲིས་ཡོད། འགོ་འཛིན་ལས་ཁུངས་ནང་ལས་བྱེད་པའི་ས་མིག་གཏན་འབེབས་ས་གནས་ཀྱི་མི་འབོར་ལ་གཞིགས་པའི་གནང་ཡོད་པ་གཞིར་བཟུང་ལས་བྱེད་ཁ་སྐོང་དང་བཀོད་སྒྲིག་གི་ཞུ་བསྐུལ་ཞུ་རྒྱུ།
- རྩིས་དང་ནང་ཞིབ་ཚན་པ། ཚན་པ་འདིས་དབུས་ས་གཉིས་ཀྱི་ལོ་འཁོར་སྔོན་རྩིས་དང། བསྐྱར་བཅོས་སྔོན་རྩིས། ཕྱི་དངུལ་ལེན་བེད་བཅས་ཀྱི་ལོ་རེའི་འཆར་རྩིས་འབུལ་རྒྱུས་མཚོན་རྩིས་ཁྲ་ཉར་ཚགས། རྩིས་འབྲེལ་ལས་དོན་ཞིབ་འཇུག་སྟངས་འཛིན་དང་ལམ་སྟོན་ཞུ་དགོས་ཞུ་རྒྱུ། དེ་བཞིན་ཁྱབ་ཁོངས་ས་གནས་ཁག་ནས་ཁུངས་སོ་སོའི་རྩིས་སྙན་ལན་འདེབས་ཕུལ་འབྱོར་རྣམས་ཕྱོགས་བསྒྲིགས་ཀྱིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ལ་དུས་ཐོག་སྙན་འབུལ་ཞུ་རྒྱུ།
- འཆར་སྡེ་ཚན་པ། འཆར་འགོད་དང་འཛུགས་བསྐྲུན་ཚན་པས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་བསྐྲུན་ཡར་རྒྱས་གཏོང་ཕྱོགས་ཐད་རོགས་ཚོགས་ཁག་ནས་རོགས་རམ་ཐབས་འཚོལ་དང་འབྲེལ་ལས་གཞི་ལག་བསྟར་ཞིབ་འཇུག་གནང་གི་ཡོད།
- གཞིས་ཆགས་གསར་བསྐྲུན་དང་འཛུགས་བསྐྲུན།
- གཞིས་ཁང་གསར་རྒྱག་དང་ཉམས་གསོའི་ལས་རིམ།
- བསྐྱར་གསོ་རུང་བའི་རང་འབྱུང་ནུས་ཤུགས།
- ཉི་འོད་གློག་ཤུགས་བེད་སྤྱོད་བྱེད་སྟངས།
- རླུང་ཁམས་གློག་ཤུགས་འདོན་སྤེལ་བྱེད་སྟངས།
- ཕྱུགས་ཀྱི་ལྕི་གཅིན་རླངས་རྫས་བེད་སྤྱོད་བྱེད་སྟངས།
- མཐུན་རྐྱེན་འཛུགས་བསྐྲུན།
- གཞུང་ལམ་དང་ཟམ་པ་བཟོ་བསྐྲུན་དང་ཉམས་གསོ།
- ལས་ཁུངས་དང་ལས་ཤག་གསར་རྒྱག་དང་ཉམས་གསོའི་ལས་གཞི།
- གད་སྙིགས་གཙང་བཟོའི་ལས་གཞི་བཅས་ཡིན།
- ས་ཁང་བདག་གཉེར་ཚན་པ། བཞུགས་སྒར་གངས་ཅན་སྐྱིད་གཤོང་གི་བསྟི་གནས་སུ་ཡོད་པའི་ལས་ཁུངས་ཁག་ལ་ཉམས་གསོ་དང་གསར་རྒྱག ལས་བྱེད་ངོ་ཡོད་རྣམས་ལ་ལས་ཤག་བགོ་སྤྲོད། བགྲེས་ཡོལ་བ་རྣམས་ལ་བགྲེས་ཤག་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུ་བཅས་ཡིན།
༣༽ བདེ་དོན་སྡེ་ཚན།
- ཉམ་ཐག་རྒས་གཅོང་རོགས་སྐྱོར་ཚན་པ། ཉམ་ཐག་རྒས་གཅོང་རོགས་སྐྱོར་ཚན་པའི་ལས་འགན་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་རང་རིགས་རྒས་གཅོང་ཉམ་ཐག་དངོས་འབྲེལ་མགོན་མེད་གྲངས་ ༢༢༨༧ ལ་འཚོ་སྣོན་དང། དྭང་ཟུར་ཉམ་ཐག་གྲངས་ ༤༥༨ ལ་འཚོ་སྣོན། རྒས་གཅོང་རང་ལོ་ ༨༥ ཡན་ཕོ་མི་གྲངས་ ༦༤༢ ལ་སྐུ་ཡིག་ནང་གཟིགས་གསོལ། དེ་བཞིན་རྒས་གསོ་ཁང་ ༡༤ ནང་རྒས་འཁོགས་བདག་མེད་ངལ་ཅན་གྲངས་ ༨༢༨ རྒས་གསོར་འཇུག་བཞེས་ཀྱིས་ཟས་གོས་གནས་མལ་དང་སྨན་གྲོན་བཅས་ཀྱི་མཐུན་རྐྱེན་སྦྱར་རྒྱུ། དེ་མཚུངས་རྒས་གསོ་ཁང་གསར་རྒྱག་ཞུ་དགོས་མཐའ་དག་གི་འགྲོ་གྲོན་ཐབས་འཚོལ། རྒས་གཅོང་དང། ནད་གཅོང། རིག་འཚོ་མ་ཟིན་པའི་དབང་པོ་སྐྱོན་ཅན་ལ་སོགས་པའི་དབུལ་ཕོངས་བལྟ་སྐྱོང་བྱེད་མཁན་མེད་རིགས་རྣམས་ལ་ཟས་སྐྱོབས་གྲོ་སྣུམ་བགོས་འགྲེམས་ཞུ་རྒྱུ།
- ན་གཞོན་རོགས་སྐྱོར་ཚན་པ། ཕྱི་ལོ་ ༡༩༩༧ ནས་བཟུང་གཞིས་ཆགས་ནང་ན་གཞོན་སློབ་མཐར་མ་འཁྱོལ་བའི་ལས་མེད་རྣམས་ལ་དུས་ཐུང་ལས་རིགས་སྦྱོང་བརྡར་ཟབ་སྦྱོང་སྤྲོད་རྒྱུ་དང། སྐྱེད་ཆུང་བུན་གཏོང། ལས་རིགས་ཐབས་འཚོལ། སྒེར་གཉེར་ཚོང་ལས་གོང་འཕེལ་རྒྱུན་གནས་དང། གཞིས་ཁག་སོ་སོའི་ནང་འཚོ་བའི་མདུན་ལམ་ཆུང་ཙག་གི་ལས་གཞི་གསར་བསྐྲུན་གྱིས་ས་གནས་གཞན་ལ་ཕྱི་གྱར་མ་སོང་བར་གཞིས་ཆགས་ཁག་རྒྱུན་གནས་ཐུབ་ཐབས་ལ་འབད་པ་ཆེ་སྐྱེད་ཞུ་ཁུལ་དུ་མཆིས།
- ཕྱིའི་རྒྱལ་ཁབ་ནས་རོགས་ཚོགས་གྲངས་ ༢༧ གྱིས་རང་རིགས་གཞིས་ཆགས་ཁག་ནང་གི་སློབ་ཕྲུག་གྲངས་ ༢༠༠༠ ལ་སློབ་ཡོན་དང། རྒས་འཁོགས་ངོ་གྲངས་ ༢༠༠༠ ལ་འཚོ་སྣོན། གཞིས་ལས་རྒྱུན་གྲོན། ཛ་དྲག་རོགས་དངུལ། ཉམ་གསོའི་ལས་འཆར་སོགས་རོགས་དངུལ་ཁག་དབུས་ངལ་སེལ་ཚོགས་པའི་བརྒྱུད་ཕྱི་དངུལ་ལེན་གཏོང་ཆོག་པའི་བཀའ་འཁྲོལ་ཐོག་ས་གནས་སོ་སོར་དུས་ཐོག་ཁུངས་འགྲེམས་ཞུ་མུས་བཅས་སོ།། །།
