བོད་མིའི་མཉམ་འབྲེལ་སྡེ་ཚན།
[ Reforming & strengthening of the Co-operative Institutions ]
- ངོ་སྤྲོད་སྔོན་གླེང༌།
ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་བའི་མཇུག་ཙམ་ནས་ཚན་རིག་དང་འཕྲུལ་ལས་དར་ཁྱབ་ཀྱི་དབང་གིས་ནུབ་ཕྱོགས་ཀྱི་ཡུལ་གྲུ་མང་པོ་བཟོ་ལས་ཅན་དུ་བསྒྱུར་བ་ནས་བཟུང་མ་རྩའི་རིང་ལུགས་ལ་བརྟེན་ནས་མི་མང་སྤྱི་དང༌། ཁྱད་པར་བཟོ་བའི་གྲལ་རིམ་ལ་བཤུ་གཞོག་གཉའ་གནོན་ཚད་མཐོར་འཕེར་བའི་ཉེར་ལེན་གྱིས་དེའི་ཁ་གཏད་དུ་དམར་པོའི་རིང་ལུགས་དང་ཁྱབ་བྱུང་སྟེ་གྲལ་རིམ་འཐབ་རྩོད་སོགས་འཚེ་བ་འབའ་ཞིག་གི་ལམ་ནས་གཉའ་གནོན་བཤུ་གཞོག་འགོག་སྐད་ཀྱིས་གཉའ་གནོན་དང་བཤུ་གཞོག་གསར་པ་ཞིག་བྱུང་བ་བཅས་འཛམ་གླིང་གི་སྐྱེ་འགྲོ་ཕལ་ཆེ་བ་མ་རྩའི་རིང་ལུགས་དང་དམར་པོའི་རིང་ལུགས་ཀྱི་མཐའ་གང་རུང་དུ་ལྷུང་ནས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པར་རིམ་གྱིས་འཛམ་གླིང་དམག་ཆེན་དང་གཉིས་སོགས་བློ་ཡུལ་ལས་འདས་པའི་འཚེ་བ་དང་གཏོར་བཤིག་ཚབས་ཆེན་བྱུང་བ་དེ་དག་ཚན་རིག་དང་འཕྲུལ་ལས་ཀྱི་དར་ཁྱབ་ཀྱི་དངོས་འབྲས་ཡིན་པ་དང༌། དེས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ཤོག་ཁག་གཉིས་སུ་བྱེས་ཏེ་གྲང་དམག་དང་འཐབ་རྩོད་རྒྱུན་མ་ཆད་པའི་འཇིགས་དངངས་ཅན་གྱི་བྱུང་བའི་འོག་ད་ལྟའང་སྐྱེ་འགྲོ་རྣམས་མནར་བཞིན་པ་དང༌། ཉེ་བའི་ཆར་ཕྱོགས་འསྒྲིལ་དང་གྲང་དམག་གི་འཐབ་རྩོད་ཆེས་མི་མངོན་པར་སོང་བའི་ཚབ་ཏུ་དཔལ་འབྱོར་གྱི་བཤུ་གཞོག་སྤྱི་དང༌། ཁྱད་པར་གོ་ལ་གཅིག་བསྒྱུར་དང་བག་མེད་ལོངས་སྤྱོད་ཀྱི་ལམ་སྲོལ་ལ་བརྟེན་ནས་འཚེ་བ་དང་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་རྙོག་གསར་པ་ཞིག་དར་ཁྱབ་འགྲོ་བཞིན་པ་མཐོང་ཆོས་སུ་གནས།
འཇིག་རྟེན་ནང་དུས་ཀྱི་འཕོ་འགྱུར་དེ་དག་གི་སྐབས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བསིལ་ལྡན་གངས་རིའི་སྗོངས་ཀྱི་སྐྱེ་འགྲོ་རྣམས་ནི་འཚེ་བ་མེད་པའི་འཚོ་ཐབས་བཟོ་ཞིང་འབྲོག་གསུམ་ལ་བརྟེན་པའི་རང་མཁོ་ལྡེང་ཞིང་བཤུ་གཞོག་མེད་པ། ཁོར་ཡུག་དང་འཕྲོད་བསྟེན་ལ་མི་གནོད་པའི་དཔལ་འབྱོར་གྱི་ལམ་སྲོལ་ཚད་ལྡན་ཡོད་པ་མ་ཟད། བོད་ཀྱི་གྲོང་གསེབ་ཕལ་མོ་ཆེས་གན་དྷིའི་བཞེད་དགོངས་དང་མཐུན་པའི་མཉམ་ལས་དང་རོགས་རེས་ཀྱི་ལས་རྩོལ་གནའ་རབས་ནས་སྲོལ་རྒྱུན་གྱིས་བྱེད་བཞིན་པ་སོགས་མི་སྨོན་རང་སྐྱིད་ཀྱི་གནས་བབས་བཟང་པོ་ལྷ་ཡུལ་གྱི་བདེ་སྐྱིད་དང་མཚུངས་བ་ཞིག་ཡོད་བཞིན་པ་དེ་ལྟར་ཡང༌། རྒྱ་དམར་གྱི་བཙན་འཛུལ་བྱུང་བ་ནས་བཟུང་བོད་མིའི་སྲོལ་རྒྱུན་བཟང་པོ་རྣམས་ཕྱོགས་ཐམས་ཅད་ནས་ཉམས་དམས་སུ་སོང་སྟེ་ད་ཆ་རྒྱ་དམར་དབང་འཛིན་པས་བོད་ཡུལ་དེ་བག་མེད་ལོངས་སྤྱོད་དང༌། གོ་ལ་གཅིག་བསྒྱུར་གྱི་ལམ་སྲོལ་ངན་པའི་ཚོད་ལྟ་བྱ་ཡུལ་དུ་བཟུང་སྟེ་བོད་ནང་བོད་མི་རྣམས་བཤུ་གཞོག་གཉའ་གནོན་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་པ་མ་ཟད། སྲོལ་རྒྱུན་གྱི་འཚེ་བ་མེད་པའི་དཔལ་འབྱོར་དང༌། མཉམ་ལས་རོགས་རེས་ཀྱི་ལམ་སྲོལ་བཟང་པོ་རྩ་མེད་དུ་འགྲོ་དང་འགྲོ་བཞིན་པ་དེ་ལྟར་ཡང༌། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཕེབས་རྗེས་སུ་བཙན་འབྱོལ་དུ་འབྱོར་བའི་བོད་མི་ཕལ་ཆེ་བ་ཕུགས་རྒྱང་རིང་པོའི་དགོངས་པས་གནས་སྐབས་འཚོ་བའི་མདུན་ལམ་ཙམ་དུ་མ་ཟད། ཆོས་དང་རིག་གཞུང་ལེགས་བྱང་བཅས་པའི་སྲུང་སྐྱོབ་རྒྱུན་འཛིན་དང༌། མ་འོངས་གཞིས་བྱེས་མཉམ་འཛོམས་མཚམས་བོད་ཀྱི་གནའ་བོའི་སྲོལ་རྒྱུན་ལ་དེང་རབས་ཀྱི་ལེགས་ཆས་བརྒྱན་པའི་ཉམས་མྱོང་གསར་པ་ཞིག་གཞིས་སྡོད་བོད་མི་རྣམས་ལ་སྲོལ་རྒྱུན་མེ་རོ་གསོ་བའི་མཐུན་རྐྱེན་ལེགས་སྐྱེས་སུ་འབུལ་ཐུབ་པ་སོགས་མཐར་ཐུག་གི་དགོས་པ་དང་དམིགས་ཡུལ་དུ་མའི་སླད་རྒྱ་གར་ས་ཁུལ་གང་སར་བོད་མིའི་གཞིས་སྒར་མང་པོ་གསར་འཛུགས་མཛད།
བོད་དུ་ཆབ་སྲིད་ཀྱི་འགྱུར་ལྡོག་དེ་འདྲ་ཡོང་དགོས་པའི་རྒྱུ་རྐྱེན་མཐར་ཐུག་ནི་རྒྱལ་སྤྱིའི་ནང་མ་རྩའི་རིང་ལུགས་དང་དམར་པོའི་རིང་ལུགས་ཀྱི་འཐབ་རྩོད་ཤུགས་ཆེ་བྱུང་བའི་དབང་གིས་ཡིན་པ་དང༌། འབྱུང་འགྱུར་བོད་ཀྱི་རང་སྲིད་རང་སྐྱོང་གི་དམིགས་ཡུལ་དེའང་ལག་ཏུ་ལོན་དང་མི་ལོན་འབྱུང་འགྱུར་བོད་མིའི་དཔལ་འབྱོར་གྱི་ལམ་སྲོལ་ཇི་འདྲ་ཞིག་ཏུ་འགྲོ་བ་ལ་རག་ལས་པ་ཡིན་པས། རིང་མོ་ཞིག་ནས་བློ་གྲོས་དང་ལྡན་པའི་སྐྱེ་བོ་མང་པོས་མ་རྩ་དང་དམར་པོའི་རིང་ལུགས་གཉིས་ཀས་སྐྱེ་རྒུའི་མངོན་འདོད་སྒྲུབ་མི་ནུས་པ་དང༌། དེ་འདྲའི་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་དཔལ་འབྱོར་གྱི་ལམ་སྲོལ་བཟང་པོ་ཞིག་སྤེལ་ཐབས་སུ་མཉམ་འབྲེལ་གྱི་ལས་འགུལ་ནི་འཚེ་བ་མེད་པའི་དཔལ་འབྱོར་གྱི་གཞི་རྟེན་བཟང་པོ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་ཡོད་པ་ལྟར། ༸གོང་ས་མཆོག་གི་ལམ་སྟོན་གཞི་བཟུང་བོད་མིའི་སྡོད་སྒར་ཕལ་མོ་ཆེའི་ནང་གནས་ཡུལ་ས་གནས་སོ་སོའི་ཁྲིམས་ལུགས་འོག་མཉམ་འབྲེལ་ཚོགས་པ་ (Cooperative Society) གསར་འཛུགས་བསྐྱངས་པ་མ་ཟད། ལས་རིམ་འདི་ཧ་ཅང་གལ་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྐབས་མཉམ་འབྲེལ་གྱི་ལས་དོན་སྐོར་དོན་ཚན་ཟུར་བྱེད་གནང་སྟེ་བཅའ་ཁྲིམས་དུའང་ཆ་རྐྱེན་བསྩལ་ཡོད་པ་དེ་དག་གནས་སྐབས་ཁྲལ་ཆག་དང༌། སྐྱེད་ཆུང་བུན་གཡར་སོགས་དཔལ་འབྱོར་དང་ཁྲིམས་ལུགས་ཀྱི་ཁེ་ཕན་ཙམ་ཁོ་ནར་དམིགས་པ་མ་ཡིན་པར། ནམ་ཕུགས་འཚེ་བ་དང་འགྲན་བསྡུར་གྱིས་མ་བསླད་པའི་དཔལ་འབྱོར་གྱི་ལམ་སྲོལ་དང་གོམས་གཤིས་བཟང་པོ་ཞིག་བསྐྲུན་རྒྱུའི་ཕུགས་དམིགས་བཅངས་ཡོད། གཞིས་སྒར་མང་དག་ཏུ་མཉམ་འབྲེལ་གྱིས་སྐབས་འཕྲལ་ངལ་སེལ་མཐུན་སྒྲུབ་ཀྱི་དོན་ཕན་གང་ལེགས་བྱུང་འདུག་རུང༌། རིམ་གྱིས་ས་གནས་མང་པོར་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དམན་པ་དང༌། ལས་དོན་རྣམས་ཁྲིམས་མཐུན་གྱིས་ལག་བསྟར་ཚུལ་བཞིན་མ་བྱུང་བའི་དབང་གིས་མཉམ་འབྲེལ་མང་དག་ཅིག་མ་ཤས་བདག་པོ་རྣམས་ལ་ཁེ་ཕན་དང་ཞབས་འདེགས་བསྒྲུབ་མ་ཐུབ་པའི་ཁར་གྱོང་གུན་དང་ཡོང་བསྡད་བུན་ནག་གི་བསྟི་གནས་ཤིག་ཏུ་གྱུར་པ་མ་ཟད། ས་ཁུལ་རེ་ཟུང་དུ་སྒེར་གྱིས་ལས་རིགས་དང་བཟོ་ཚོང་ལ་འགོག་རྐྱེན་ལྟ་བུ་གྱུར་པའང་བྱུང་འདུག་པ་བཅས་མདོ་དོན་མཉམ་འབྲེལ་ཚོགས་པའི་དགོས་དམིགས་ཇི་བཞིན་མ་འགྲུབ་པ་མང་བ་དང༌། ལྷག་པར་མཉམ་འབྲེལ་གྱི་ལས་དོན་ཆ་ཚང་མ་ཤས་བདག་པོ་རྣམས་ཀྱིས་རང་སྐྱོང་གིས་འཛིན་སྐྱོང་མ་བྱས་པ་དང་མ་ཐུབ་པ་ཅི་རིགས་ཀྱི་ལམ་ནས་ས་གནས་འགོ་འཛིན་སོགས་གཞུང་བསྐོས་ལས་བྱེད་ཁོ་ནར་བརྟེན་ནས་མཉམ་འབྲེལ་བདག་པ་མང་ཚོགས་ཀྱིས་མཉམ་འབྲེལ་ལས་དོན་ཐོག་མཉམ་བཞུགས་དང་རྒྱུན་ལྡན་གྱི་བཏང་འཛིན་ནུས་པ་ཐོན་པ་ཡོང་དཀའ་བ་བཅས་ཀྱི་གནས་ཚུལ་དེ་དག་ལ་བརྟེན་ནས་བཀའ་ཤག་སྐབས་བཅུ་གཉིས་པས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པ་སོ་སོར་ལས་འཆར་དང་སེམས་འཚབ་གསལ་བཤད་ཞུས་པར། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་རྒྱབ་སྐྱོར་དང་ལམ་སྟོན་བཅས་བྱུང་བ་བཞིན་འཚེ་མེད་དཔལ་འབྱོར་ལམ་སྲོལ་གྱི་ལྟ་གྲུབ་དང༌། བདག་ཉིད་ཆེན་པོ་གན་དྷིའི་བཞེད་དགོངས་དང་མཐུན་པའི་མཉམ་འབྲེལ་དང་མཉམ་ལས་ཀྱི་རིག་པའི་གཞུང་ལུགས་དང་མཐུན་པའི་ད་ཡོད་བོད་མིའི་མཉམ་འབྲེལ་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སྒོ་ནས་སྒྲིག་འཛུགས་སྲ་བརྟན་ཕུགས་འཕེར་ཡོང་བ་ཞིག་བཟོ་རྒྱུའི་ཆེད་ནང་སྲིད་ལས་ཁུངས་སུ་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་ཞིག་ཟུར་འཛུགས་བྱས་ཏེ་ལས་དོན་གང་ཐུབ་བྱས་བཞིན་པ་ཡིན།
- དམིགས་ཡུལ་དང་ཚད་འཛིན། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་གི་མཉམ་འབྲེལ་དང་འབྲེལ་བའི་ལས་དོན་གྱི་དམིགས་ཡུལ་ཁག་གཤམ་གསལ།
- མ་འོངས་པའི་བོད་ནི་ ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཞེད་དགོངས་ལྟར་འཚེ་བ་མེད་པའི་བསྟི་གནས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྐྲུན་རྒྱུ་ཡིན་སྟབས། མ་འོངས་བོད་ཀྱི་དཔལ་འབྱོར་གྱི་ལམ་སྲོལ་ཡང་དེ་དང་མཐུན་པར་འཚེ་བ་མེད་པ་དང༌། ཁོར་ཡུག་ལ་མི་གནོད་པ། མ་རྩའི་རིང་ལུགས་དང་དམར་པོའི་རིང་ལུགས་གཉིས་ཀའི་མཐའ་ལས་འདས་པའི་དབུ་མའི་ལམ། བག་མེད་ལོངས་སྤྱོད་དང་གོ་ལ་གཅིག་བསྒྱུར་གྱི་སྲོལ་ངན་ལ་གདོང་ལེན་དང་ཁ་གཏད་ཐུབ་ངེས་ཀྱི་སྲོལ་རྒྱུན་དང་མཐུན་པའི་གཞན་བརྟེན་མ་དགོས་པར་རང་མཁོ་ལྡེང་ངེས་ཀྱི་ཐོན་སྐྱེད་ཡོད་པ་ཞིག་དགོས་པ་དང༌། དེའི་ཆེད་མཉམ་འབྲེལ་དང་མཉམ་ལས་རོགས་རེས་ཀྱི་ལམ་སྲོལ་ཞིག་ངེས་པར་དུ་འཛུགས་དགོས། དེར་བརྟེན་ད་ལྟ་བཙན་བྱོལ་གྱི་གནས་སྐབས་སུའང་བོད་མི་གཞིས་སྒར་སོ་སོའི་ད་ཡོད་མཉམ་འབྲེལ་གྱི་ལས་འགུལ་འདི་དག་ལ་ལེགས་བཅོས་དང་ཡར་རྒྱས་བཏང་སྟེ་འབྱུང་འགྱུར་བོད་མི་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་བཙན་བྱོལ་རིང་གི་ཉམས་མྱོང་བཟང་པོ་རྣམས་བོད་གསར་པའི་འཛུགས་སྐྲུན་འ་ཕན་ཐོགས་ཡོད་ངེས་ཤིག་བྱ་རྒྱུ།
- དེའི་སླད་བཙན་བྱོལ་མང་ཚོགས་ལ་མཉམ་འབྲེལ་གྱི་དམིགས་ཡུལ་དང་ལྟ་གྲུབ་ཀྱི་གོ་རྟོགས་གོང་འཕེལ་གཏོང་ཆེད་ཟབ་སྦྱོང་དང་སློབ་སྤེལ་གྱི་ལམ་ནས་མཉམ་འབྲེལ་གྱི་ལས་དོན་མཐའ་དག་ཤས་བདག་མང་ཚོགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་ཡིན་པའི་ཡིད་ཆེས་ངེས་རྙེད་ཐུབ་པ་ཞིག་བཟོ་རྒྱུ་དང༌། དེ་ལ་བརྟེན་ནས་མཉམ་འབྲེལ་གྱི་འཛིན་སྐྱོང་གིས་མཚོན་པའི་ལས་དོན་རྣམས་ཤས་བདག་མང་ཚོགས་ཀྱིས་ཁུར་འགན་ཆ་ཚང་ལེན་ཐུབ་པ་ཞིག་ཡོང་ཐབས་བྱ་རྒྱུ།
- བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༩༣ པའི་ནང་གསེས་དོན་ཚན་ཁག་གི་དགོངས་དོན་བཞིན་མཉམ་འབྲེལ་ཁག་གི་ཐོན་སྐྱེད་དང་ཁེ་འབབ་ཇི་ཡོད་ཤས་བདག་མི་མང་གི་དགོས་མཁོ་ལ་ཕན་ཐབས་སུ་འཕྲལ་འཕྲལ་བེད་སྤྱོད་དགོས་པ་དང༌། ཡོང་འབབ་འདུ་འགོད་བྱ་ཕྱོགས་ཀྱང་ཡུལ་ཁྲིམས་དང་མཐུན་ཞིང་ལོག་འཚོས་མ་བསླད་པ་ཞིག་ཡོང་ཐབས་བྱ་རྒྱུ།
- ད་ཡོད་མཉམ་འབྲེལ་ཁག་གི་རྩིས་ཆད་དང་ཡོད་བསྡད་ཇི་ཡོད་དུས་ཚོད་ངེས་ཅན་གྱི་ནང་གཙང་དག་ཐུབ་པ་བཟོ་རྒྱུ་དང༌། འབྱུང་འགྱུར་རྩིས་ལོ་རེ་རེའི་ནང་ཡོང་བསྡད་གཙང་སེལ་བཟོ་དགོས་མ་ཟད། བུན་ནག་རིགས་ཡང་ཡང་མི་ཡོང་བའི་འབད་རྩོལ་བྱ་རྒྱུ་དང༌། རྩིས་ཞིབ་ཀྱི་སྐྱོན་འདོན་ཁག་གི་གསལ་བཤད་ལན་འདེབས་ཁུངས་འཕེར་རྩིས་ལོ་སོ་སོའི་ནང་ཟིན་དགོས་པའི་ལམ་སྲོལ་བཟོ་རྒྱུ།
- དུས་ཚོད་ངེས་ཅན་གྱི་ནང་མཉམ་འབྲེལ་སོ་སོའི་སྒྲིག་གཞི་ལ་བསྐྱར་བཅོས་དགོས་རིགས་ཁྲིམས་ལུགས་ལྟར་བསྐྱར་བཅོས་བྱས་ཏེ་འབྱུང་འགྱུར་མཉམ་འབྲེལ་ཚོགས་གཙོ་དང༌། མཉམ་འབྲེལ་དྲུང་ཆེས་མཚོན་མཉམ་འབྲེལ་གྱི་ལས་བྱེད་ཁག་གཞུང་ཞབས་ལ་བརྟེན་ལྟོས་མ་དགོས་པར། མཉམ་འབྲེལ་སོ་སོའི་རང་ཁུངས་ནས་འོས་འདེམས་དང་བསྐོ་གཞག་ཐུབ་པ་ཡོང་རྒྱུའི་ངེས་ཅན་གྱི་འཆར་གཞི་བཟོ་རྒྱུ།
- མཉམ་འབྲེལ་གྱི་ལས་བྱེད་རྣམས་མཉམ་འབྲེལ་གྱི་ལྟ་གྲུབ་དང༌། ས་གནས་སོ་སོའི་མཉམ་འབྲེལ་གྱི་ཁྲིམས་ལུགས་ཀྱི་ཐོག་དམིགས་བསལ་སྦྱོང་བདར་དང་ཤེས་ཚད་ཡོད་པ་དགོས་པའི་ཆ་རྐྱེན་དང༌། ལས་བྱེད་རྣམས་ཀྱི་ཁེ་ཕན་དང་སྒྲིག་འཛུགས་ཚད་ལྡན་ཡོང་སླད་མཉམ་འབྲེལ་ཀུན་ལ་ཁྱབ་པའི་ལས་བྱེད་ཀྱི་སྒྲིལ་གྲལ་དང༌། འདེམས་བསྐོའི་སྒྲིག་གཞི་གསར་བསྐྲུན་ཐུབ་པ་བྱ་རྒྱུ།
- བོད་མིའི་མཉམ་འབྲེལ་ཡོངས་ཀྱི་ཉམས་མྱོང་དང་ཁེ་ཕན་རྣམས་ཕན་ཚུན་བརྗེ་ལེན་ཡོང་ཐབས་དང༌། ལྷག་པར་ཐག་རིང་མཐའ་མཚམས་སུ་ཡོད་པའི་མཉམ་འབྲེལ་ཁག་གི་ཐོན་སྐྱེད་རྣམས་སྐབས་འཕྲལ་ཁྲོམ་རར་འགྲེམས་ཚོང་ཐུབ་ཐབས་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་མཉམ་འབྲེལ་ཚང་མའི་སྤྱི་མཐུན་གྱི་སྒྲིག་འཛུགས་ (Federation of Cooperative Societies) ཤིག་གསར་འཛུགས་ཀྱིས་ཐོན་སྐྱེད་ཉོ་ཚོང་སྤྱི་དང༌། ཁྱད་པར་ཕྱི་ཚོང་ནང་འགྲེམས་ཀྱི་ཆ་རྐྱེན་ཚད་ལྡན་སྒྲུབ་ཐབས་བྱ་རྒྱུ་བཅས་སོ།


